ཕྱི་ལོ་  ༢༠༡༤ ཟླ་ ༩  ཚེས་ ༢  གཟའ་མིག་མར།

མཁན་ཆེན་འཆི་མེད་རིག་འཛིན་གྱི་རྣམ་ཐར།

མཁན་ཆེན་འཆི་མེད་རིག་འཛིན་མཆོག་གི་རྣམ་ཐར་ཉུང་བསྡུས་སྐལ་ལྡན་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ།

ངེས་དོན་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་འཆི་མེད་རིག་འཛིན་མཆོག་ནི་སྤྱི་ལོ་༡༩༦༨ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་རབ་རྒྱལ་ས་སྤྲེལ་ལོའི་སྟོན་ཟླ་ཐ་ཆུང་དུ་ཨ་མདོ་རྨེ་ཡུལ་ཧ་སྨད་ཁུག་ཆུང་སྟོད་དུ་ཕ་ཨ་བོས་སྤུ་ཐོ་དང་མ་དམར་རྩ་བཟའ་འཆི་མེད་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཁུ་བོ་ཨ་བོས་སྐ་པ་ཞེས་པ་ལས་ཀློག་བསླབས། རྨེ་བ་དགོན་ཆེན་དུ་བྱོན་ནས་ནང་ཆོས་ལ་གསན་སྦྱང་མཛད། བོད་ས་བྱི་ལོ་སྟེ་དགུང་གྲངས་བཅུ་བདུན་སྐབས་དགོན་དེ་ཉིད་དུ་སྤྱོད་འཇུག་ཞུ་བཞིན་ཡོད་ཚེ་གློ་བུར་ཆོས་མཚམས་བྱས་ནས་གསེར་ཐང་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་ཕེབས་ནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་མདུན་དུ་བཅར།

མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག

མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་ནི་ཁམས་ཁྲོྂ་ཐལ་སྡེ་པར་ཡབ་ཁོ་ཀླུ་དང་ཡུམ་ཨ་ཁོ་ཞུ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ལ་འཁྲུངས། དགུང་ལོ་བརྒྱད་དགུ་ཙམ་ནས་ཡི་གེ་སློབ་པའི་དབུ་ཚུགས། དགུང་ལོ་བཅུ་གཅིག་སྟེང་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཨ་རིག་རིན་པོ་ཆེས་མཚན་ཚུལ་ཁྲིམས་བསྟན་འཛིན་དུ་གནང་། ཡབ་དམ་པ་གཤེགས་རྗེས་མིང་སྲིང་བརྒྱད་ཀྱི་ཆེ་ཤོས་ཡིན་པས་ཁྱིམ་གྱི་མགོ་འདྲེན་དང་ཕྱོགས་ཀྱི་འཚོ་སྐྱོང་། བྱིས་པའི་གོས་ཚགས། བཟའ་བཏུང་གཡོས་སྦྱོར་སོགས་གནང་དགོས་བྱུང་། དགུང་ལོ་བཅོ་ལྔའི་ཐོག་ཁྲོྂ་རྡོ་ཁོ་དགོན་གྱི་མཁན་ཆེན་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་ལས་རབ་ཏུ་བྱུང་། མཚན་འཇམ་དབྱངས་ཀུན་དགའ་བསྟན་འཕེལ་དུ་གསོལ།

ཨ་འཛོམ་འབྲུག་པ་རིན་པོ་ཆེ།

ཨ་ཛོམ་འབྲུག་པ་ཐུབ་བསྟན་པདྨ་ཐུབ་བསྟན་པདྨ་འཕྲིན་ལས་དཔལ་བཟང་པོ་མཆོག
གྲུབ་དབང་ཆོས་ཀྱི་རྒྱལ་པོའི་གསང་གསུམ་སྤྲུལ་བའི་ཟློས་གར་རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཐུབ་བསྟན་པདྨ་འཕྲིན་ལས་དཔལ་བཟང་པོ་མཆོག་ནི། རིགས་རུས་ཕུན་ཚོགས་ལྷ་རི་དཔོན་གྱི་ནང་བློན་འབའ་ལྷའི་མི་རྒྱུད་ཡབ་ཆེན་བསོད་ནམས་རྣམ་རྒྱལ་དང་། བསྐྱེད་ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ ༡༩༢༦ དང་བོད་རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོར་ངོ་མཚར་གསང་བ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ལྷ་མཚོ་ཕྱུག་མོའི་ཉེ་འདབས་ཡིད་ལྷུང་ལྷ་རི་སྒར་དུ་མཚན་དཔེའི་དཀྱིལ་འཁོར་གསར་ཏུ་བཞད།

དུས་རབས་ཀྱི་ལོ་ཙྭ་བམཁན་པོ་བསོད་དར་རྒྱས་མཆོག

མཁན་པོ་བསོད་ནམས་དར་རྒྱས་ངོ་སྤྲོད་མདོར་བསྡུས།
མཁན་པོ་བསོད་ནམས་དར་རྒྱས་ལགས་ནི་སྤྱི་ལོ1962ལོར་ཟི་ཁྲོན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྐུ་འཁྲུངས། 1975ལོར་ས་གནས་དེ་གའི་སློབ་ཆུང་དུ་སློབ་གྲྭར་ཞུགས་ཤིང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་མཐར་ཕྱིན། 1985ལོར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཕེབས་ཤིང་སྐྱབས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཉེས་པ་གསུམ་གྱིས་བསྟེན་ཏེ་བརྩོན་པ་དྲག་པོས་མདོ་སྔགས་རིག་གཞུང་བཅས་གསན་སྦྱང་མཛད། 1987ལོར་ཆོས་རྗེ་ཡིད་བཞིན་ནོར་བུ་དང་ལྷན་དུ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཞིང་། དེ་ནས་བཟུང་ཆོས་རྗེ་མཆོག་གི་བཀའ་བཞིན་རྒྱ་རིགས་ཀྱི་དད་ལྡན་རྣམས་ལ་མདོ་སྔགས་ཀྱི་གཞུང་ཀུན་འཆད་སྤེལ་གྱི་མགོ་བརྩམས།

མཁས་དབང་དགེ་འདུན་ཆོས་འཕེལ།


༄༅།།དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་འཕྲོས་པ་ཡན་ལག་དང་བཅས་པ་དཔྱད་ཞིབ་དང་སྦྲགས་ཏེ་གླེང་བའི་དགེ་ཆོས་ཀྱི་རྒྱ་ཆེར་འགྲེལ་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་འདི་ཉིད་ནི།རྩོམ་པ་བོས་དཔྱད་གཞིའི་ཡིག་ཆ་མང་བོར་སྤྱན་རས་ཀྱིས་བཙས་པ་དང་།དེ་དག་ལ་མཐའ་དཔྱད་པའི་སྐྱེས་སྦྱངས་ཀྱི་ཤེས་རབ་བཟང་ཙམ་ཡོད་པ་དང་།དོན་ཡོད་མེད་ལ་མ་ལྟོས་པར་ཡས་མན་ལ་ཕོག་ཐུག་གཏོང་བར་ཡ་མི་ང་བའི་སྙིང་སྟོབས་ཅི་བས་ཆེ་བ་བཅས་ཀྱི་རྒྱུ་ཚོགས་གྲངས་ཚང་ལ་བརྟེན་ནས་གྲུབ་ཕྱིར།རྣམ་ཐར་འདི་ཉིད་ལ་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་དུ་ལྡན་ཞིང་།གཟུ་བོའི་བློས་ཞིབ་ཏུ་བརྟགས་ན་ཞན་ཆ་ལས་བཟང་ཆ་མང་བར་སྣང་བས།བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ཡུལ་ཡིན་མིན་ལ་ཚོམ་པ་མི་དགོས་སོ།།རྩོམ་པ་བོས་བརྗོད་གཞི་རྙིང་བ་འདི་ཉིད་བསྐྱར་འབྲི་ཡང་འབྲི་བྱ་མི་དགོས་པའི་མཇུག་སྡོམ་ལྟ་བུ་ཞིག་བྲི་བའི་དུས་ལ་བབ་པར་དགོངས་ནས་བྲིས་པ་ཡིན་སྟབས།ད་བརྗོད་གཞི་རྙིང་བ་འདི་ཉིད་གླེང་མ་དགོས་ན་ལེགས་ཀྱང་།ཇི་སྐད་དུ།དེ་ལྟ་ན་ཡང་མིག་སྟོང་བས།།མ་མཐོང་གཞོན་ནུས་མངོན་སུམ་ལྟར།།ཞེས་པ་ལྟར།རྩོམ་པ་བོའི་མཐོང་ཐོས་དཔྱོད་གསུམ་ལའང་ཚད་བཟུང་ཡོད་པའི་ཕྱིར་ན།མ་བཤད་པ་དང་།ལོག་པར་བཤད་པའི་སྐྱོན་གྱིས་གོས་པ་ནི་རྒྱུན་ལྡན་ཞིག་ཡིན་པས་ཧ་ལས་དོན་ཅི་ཡང་མེད།དེའི་ཕྱིར་རྣམ་ཐར་འདིའི་ནང་དུའང་སྐྱོན་དེ་དག་ཡོལ་བསམ་ཡང་ཡོལ་ཐབས་མེད་པའི་ཕྱིར་ན།བདག་གིས་ནི་སོ་སོའི་མིག་ལ་ཐོགས་ཚོད་ཙམ་ཞིག་གླེང་བར་བགྱིའོ།།དྲང་བདེན་གྱིས་བསླུས་པའི་སློང་མོ་བའི་ཤོག་གྲངས་༢༥སུ།རག་རས་དགེ་ཆོས་ཀྱི་ཡབ་རིམ་གཉིས་རྣལ་འབྱོར་ལ་མངའ་བརྙེས་པའི་སྔགས་འཆང་མང་བོའི་རྒྱུད་པ་ཡིན་པར་བཤད་པ་ལ།འདིའི་རྩོམ་པ་བོས།ཕ་རྣལ་འབྱོར་བ་ཡིན་ན་བུ་རྣལ་འབྱོར་བ་ཡིན་དགོས་པ་འདི་གཞུང་ཆེན་མོ་རྣམས་སུ་བཤད་པའི་རྣལ་འབྱོར་བའི་དོན་དང་མི་མཐུན་སོགས་སྨྲས་སོ།།འདི་ནི་རྣམ་འགྲེལ་ལས།ནན་གྱིས་ཁྱོད་འདི་འདོད་བྱས་པ།།གསལ་བར་དབང་ཕྱུག་སྤྱོད་པ་ཡིན།།ཞེས་པའི་དོན་དང་ཐག་ཉེ་ཞིང་།སྐབས་འདིར་རྣལ་འབྱོར་བའི་ཚད་བཤད་པ་སྐབས་སུ་བབ་འདུག་ཀྱང་བཤད་མི་འདུག་པས།འདི་ལྟར།སྡོམ་འབྱུང་འགྲེལ་བ་པད་མོ་ཅན་ལས།རྣལ་འབྱོར་བ་ཞེས་པ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་སྟེ།ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་པའོ་ཞེས་པ་ལྟར་ཤེས་དགོས་སོ།།ཤོག་གྲངས༢༧སུ།གལ་ཏེ་ཨ་ལགས་རྒྱལ་བོ་ཡིན་ན་གཡའ་མ་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་མཁན་དེའི་ཡང་སྲིད་ལྟ་བུ་ཞིག་མིན་ནམ་སྙམ་ལ།སྦྱིན་པ་དར་རྒྱས་ཀྱིས་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཞེས་པའི་སྐུ་ཕྲེང་གསུམ་པ་དེ་ཉིད་ཨ་ལགས་རྒྱལ་བོ་ཡིན་པར་བཤད་པ་མདོ་སྨད་རེབ་གོང་ཕྱོགས་ཀྱི་མིའི་སྐད་ཆ་ཡིན་པས་ཧ་ལམ་རྒྱུས་ཡོད་ཀྱི་གཏམ་ཡིན་ཤས་ཆེ།ཞེས་མཛུབ་མོ་འཛུགས་ས་འདི་ཡིན་མེད་པ་ཞིག་བཤད་འདུག་མོད།གཡའ་མ་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་མཁན་རོང་བོའི་རྒྱལ་མཁན་སྤྲུལ་དགེ་འདུན་བསྟན་པའི་ཉི་མ་ཡིན་ཞིང་།ཕྱིས་སུ་ཞབས་དཀར་སྤྲུལ་སྐུས་བསྐྱངས་ལ།དེ་གཉིས་ཀྱི་སྐུ་ཕྲེང་གི་གྲས་སུ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཟེར་བ་ཞིག་མི་འདུག་ན་ཡང་།ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་གཙོས་ཆོས་རྫོང་རི་ཁྲོད་ཀྱི་ལོ་རྒྱུས་བྲིས་པའི་མཇུག་ཏུ་ཁོ་རང་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་གདན་ས་བ་ཡིན་པར་བཤད་འདུག་གོ།ཞོ་ར་བསྟན་དར་གྱིས།སྤྱི་ལོ་༡༩༠༧ལོ་དགེ་ཆོས་དགུང་ལོ་ལྔའི་ཐོག་ཞབས་དཀར་སྐུ་ཕྲེང་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས།རྡོ་བྲག་རིག་འཛིན་ཆེན་མོའི་ཡོངས་འཛིན་རྒྱལ་སྲས་སྤྲུལ་སྐུ་རྡོ་བྲག་མཁན་པོ་འཇིགས་མེད་བསོད་ནམས་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་།ཞེས་ཅུང་ཁ་གསལ་བའི་ལུགས་སུ་སྣང་ན་ཡང་།ཞབས་དཀར་སྐུ་ཕྲེང་གཉིས་པའི་མཚན་ལ།ཐེག་མཆོག་བསྟན་པའི་ཉི་མ།གསུམ་པའི་མཚན་ལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཟེར་བ་ཡིན་པས་དེ་ལུགས་མཁྱེན་པར་འཚལ།མི་རྒན་ཤེར་རྒྱམ་གྱིས་གཏེར་སྟོན་བསོད་རྒྱལ་གྱིས་རྗེས་སུ་བཟུང་ཚུལ་བཤད་པ་བདེན་སྣང་སྟེ།ཁ་གྱའི་གཏེར་སྟོན་གྱི་རང་རྣམ་དུ།རབ་ཚེས་ཆུ་གླང་༡༩༡༣ལོར་གཏེར་སྟོན་བསོད་རྒྱལ་གཡའ་མ་བཀྲ་ཤིས་འཁྱིལ་དུ་ཕེབས་པར་བཤད་པས།དེ་དུས་དགེ་ཆོས་དགུང་ལོ་བཅུ་གཅིག་ཡིན་འདུག་གོ།ཤོག་གྲངས་༣༩སུ།དགུང་ལོ་བཅུ་བཞིའི་ཐོག་གཙོས་ཁ་རྒྱའི་གཏེར་སྟོན་བླ་མའི་མདུན་ནས་གཞུང་ཆེན་མོར་སྦྱངས་པ་ལོ་གཅིག་བྱས།ཞེས་པ་མི་བདེན་པར་འདུག་སྟེ།ཁ་གྱའི་གཏེར་སྟོན་གྱི་རང་རྣམ་ལས།ས་མོ་ལུག་༡༩༡༩ལོ་གསར་གསར་དུ་ཚེས་པའི་དགའ་སྟོན་ལ་རོལ།ཡར་ངོ་ནས་སྔར་བྱོན་རྡོ་བྲག་སྤྲུལ་སྐུ་སོགས་ལ་ཀློང་ཆེན་སྙིང་ཐིག་ཆེན་མོའི་བདེ་སྟོང་ཟུང་གི་རྫོགས་རིམ་དང་འབར་འཛག་གཏུམ་མོའི་རྣལ་འབྱོར་ཟུང་འཇུག་གི་བོགས་འབྱིན་འཁྲུལ་འཁོར་བཅས་ཕྱག་ཁྲིད་མན་ངག་བཞིན་དཔྱིས་ཕྱིན་པ་ཞག་བརྒྱ་ཕྲག་ཏུ་སྦྱངས་མཐར་བླ་མེད་རྡོ་རྗེ་ཐེག་པའི་ཟབ་ཁྲིད་ཀྱི་ཆེ་འདོན།སློབ་ཚོགས་ཀུན་གྱིས་ཨང་རག་དང་རས་གཟན་གྱོན་ཏེ་གནས་སྐོར་དུ་ཕྱིན་ཟིན་པ་ལ།ཞེས་གསལ་བར་འབྱུང་བས།གཏེར་སྟོན་གྱི་དྲུང་དུ་ལོ་གཅིག་བཞུགས་པ་ཡིན་ན།རང་ལོ་བཅུ་བཞི་ཞེས་པ་མི་འགྲིགརང་ལོ་བཅུ་བཞིའི་ཐོག་བྱོན་པ་ཡིན་ན།འདི་ལོའི་བར་དུ་ལོ་ལྔ་སོང་འདུག་པས་ལོ་གཅིག་བཞུགས་ཞེས་པ་མི་འགྲིག་པའི་ཕྱིར།དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མར།རྫོང་ངུ་ནག་རྡོའི་ངག་སྒྲོས་བཀོད་པ་ལས།དགེ་ཆོས་སྒེའུ་སྟེང་བློ་བཟང་གི་སློབ་མར་བཤད་པ་ངག་རྒྱུན་མ་དག་པ་ཡིན་ཏེ།ཚེ་ཏན་ཞབས་དྲུང་གི་རང་རྣམ་ལས།སྔར་ཡོངས་འཛིན་རིན་པོ་ཆེ་ལ་རྡོ་སྦིས་དགེ་བཤེས་རིན་པོ་ཆེས་རྩོད་ཡིག་བསྐལ་མེ་བསྐུར་དུས་རྡོ་བྲག་གིས་མཚམས་སྦྱོར་ཡི་གེ་ཞིག་བསྐུར་བའི་རྒྱབ་བྱང་ན།སྒེའུ་སྟེང་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལ།རྡོ་བྲག་སྐམ་པོ་མཚན་མོ་ཆུ་མི་འཐུང་བས་ཕུལ།ཅེས་ཚིགས་བཅད་རིལ་བོར་ཚིག་རྩུབ་དང་ཟུར་ཟའི་ཚེར་མ་རྣོན་པོ་མང་དག་ཡོད་སྟབས།ཞེས་སོགས་ལས་སྒེའུ་སྟེང་ཡོངས་འཛིན་གྱི་སློབ་བུ་ཡིན་པའི་སྒྲོས་ཙམ་ཡང་མེད་ཅིང་།འདིས།ཀླུ་དགོངས་ཀྱི་རྟིང་གནོན་དུ་བརྩམས་པའི་བདེན་པའི་ཉི་མ་ཞེས་པ་ལས།དགག་ལན་བསྐལ་མེ་ཞུ་བ་བོའི་གྲས་སུ་རང་གི་མཚན་བཀོད་ཡོད་པ་མཁྱེན་ཡོད་པ་ཆ་མ་འཚལ་ཞེས་པ་ལའང་ལན་གསལ་བར་བཏབ་ཡོད་དོ།།སློང་མོ་བར།ལྷ་ས་ནས་རྒྱ་གར་ལ་ཆས་ཁར་ལེགས་སྦྱར་སློབ་མགོ་ཚུགས་པ་དང་།ཞྭ་ལུ་དང་ས་སྐྱར་སླེབས་དུས་ལེགས་སྦྱར་མཁྱེན་པར་མ་ཟད་ས་སྐྱའི་དཔེ་མཛོད་སོགས་སུ་བཞུགས་པའི་རྒྱ་དཔེ་དེ་དག་ཁུངས་ཐུབ་ཡིན་མིན་གྱི་དོགས་གཅོད་བྱེད་པའི་ནུས་པ་ཡོངས་སུ་རྒྱས་འདུག་པ་དེ་བློ་ལ་ཅུང་མི་བདེ་བ་ཞིག་འདུག་ཟེར་རོ།།དགེ་ཆོས་ཀྱིས་གཞོན་དུས་ནས་ལེགས་སྦྱར་སྒྲ་གཞུང་སྦྱངས་ཏེ་སུམ་རྐང་སོགས་ཀྱང་མང་དུ་བསྒྲིགས་མྱོང་བ་ནི།ལེགས་སྦྱར་བང་མཛོད་ལས།ལར་བདག་གིས་ཀྱང་གཞོན་དུས་སུ་སྡིག་པ་འདི་མང་དུ་བསགས་ཡོད་པས་ཞེས་པས་ར་འཕྲོད་ལ།ཡང་ན།གསེར་ཐང་དབུར་གསལ་བ་ལྟར་བོད་དུ་རྒྱ་དཔེ་བཙལ་ཐེངས་སྔ་ཕྱི་གཉིས་ཀའི་མཐོང་ཐོས་རྣམས་ཕྱོགས་གཅིག་ཏུ་བྲིས་པར་བཤད་པས།བློ་ལ་མི་བདེ་བ་ཅང་མི་གདའོ།།ཡང་།ཤོག་གྲངས༥༩སུ།སམ་སྐྲྀ་ཏའི་སློབ་གྲྭ་ཆེན་མོར་སོང་ཟེར་བ་རྫུན་ཡིན་ཤས་ཆེ་སྟེ།ཁོང་གི་སིང་ག་ལའི་གནས་ཡིག་ཏུ་དགོན་པ་དང་མཚོ་འགྲམ།ཉ་བའི་གྲོང་རྣམས་སུ་འཁྱམས་པའི་ལོ་རྒྱུས་རྐྱང་ལས་སློབ་གྲྭར་སོང་སྐོར་ཟུར་ཙམ་ཡང་མི་མཐོང་ངོ་།།ཞེས་པའང་བདེན་པར་མ་གོ་སྟེ།གསེར་ཐང་དུ།ལར་ལོ་རྒྱུས་འདིའི་ནང་དུ་དཀྱུས་མའི་བརྗོད་བྱ་ལ་གོ་དགོས་པར་འདུག་པས་ངེད་རང་གི་མྱོང་རབས་རྣམས་མང་དུ་བཤད་པར་མི་འདོད།ཅེས་པ་ལྟར་མ་བྲིས་པ་ཡིན་གྱི།སིང་ག་ལའི་སློབ་གྲྭར་བཞུགས་ཏེ་སློབ་བུ་དག་ལ་སྙན་ངག་གི་སློབ་ཁྲིད་གནང་ཞིང་།སློབ་གྲྭར་དགེ་ཆོས་ཀྱི་གསུང་གི་སྙན་ངག་སློབ་དེབ་ཅིག་ད་ལྟའི་བར་ཡོད་པ་ཨ་རིག་མཁན་ཆེན་པད་མ་ཚེ་དབང་གི་རྣམ་ཐར་དུ་གསལ་བའི་ཕྱིར་ཏེ།དེ་ལས།ཡུལ་དེར་པཎ་ཊི་ཏར་གྲགས་པ་གཉིས་འདུགརྒན་པ་དེ་ལོ་བརྒྱད་ཅུ་ལྷག་དང་གཞོན་པ་དེ་དྲུག་ཅུ་ནང་ཞིག་རེད།གཞོན་པ་དེ་དང་སྐད་ཆ་ཕྲན་བུ་དབྱིན་སྐད་ཀྱི་སྟེང་ནས་བྱས་པས།ཁོང་གིས།ང་རང་ཆུང་ངུའི་དུས་བོད་ཀྱི་དགེ་འདུན་ཆོས་འཕེལ་ལས་སྙན་ངག་ཅིག་ཐོབ་མྱོང་བར་མ་ཟད།ང་རང་ཡོད་སའི་སློབ་གྲྭ་དེར་ཁོང་གི་སྙན་ངག་གི་སློབ་དེབ་ཅིག་ཀྱང་ཡོད་གསུངས་བྱུང་།ཡུལ་དེའི་མཚོ་ཁ་ཞིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་འདྲ་སེར་སེང་ངེ་བ་ཞིག་དྲན་རྟེན་དུ་བཞེངས་འདུག་ཅེས་དངོས་མྱོང་གི་མིས་གསལ་བར་བཤད་འདུག་པས།གོང་གི་ཚོད་དཔག་གི་སྐད་ཆ་དེ་དག་ལ་རིན་ཐང་ཆེ་བར་མ་མཐོང་ངོ་།།ཤོག་གྲངས༦༨སུ།དགེ་བཤེས་ཤེར་རྒྱམ་དང་ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ་ལྷན་རྒྱས་ཀྱིས་ནོར་གླིང་ཕོ་བྲང་དུ་བུ་སྟོན་གསུང་འབུམ་ལ་ཞུས་དག་གནང་སྐབས་ཞེས་པ་ཡང་མི་བདེན་ཏེ།བུ་སྟོན་གསུང་འབུམ་ལ་དགེ་བཤེས་ཤེར་རྒྱམ་མཆོག་གིས་གཙོ་འགན་དང་།ཚ་སྤྲུལ་སོགས་ཀྱིས་རམ་འདེགས་ཞུས་ཏེ་སྤྱི་ལོ་༡༩༡༩ནས་ཞུ་དག་གི་དབུ་ཚུགས་ཤིང་།སྤྱི་ལོ་༡༩༢༤ལོར་བཀའ་འགྱུར་གྱི་དཔར་བཞེངས་ཀྱང་ཕལ་ཆེར་གྲུབ་ཟིན་པ་དགེ་བཤེས་ཤེར་རྒྱམ་གྱིས་གུང་ཐང་བློ་གྲོས་མཆོག་ལ་ཕུལ་བའི་ཞུ་ཡིག་ཏུ་གསལ་ལ།ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ་ལ་སྤྱི་ལོ་༡༩༣༠ལོར་རྒྱལ་བ་བཅུ་གསུམ་པས་བཀའ་གནང་ལྟར་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་བསྒྲིག་པར་ཕེབས་པ་ཕ་བོང་ཁའི་རྣམ་ཐར་དུ་གསལ་བའི་ཕྱིར།ཤོག་གྲངས༦༩སུ།ཅོ་ནེ་བློ་བཟང་རྒྱ་མཚོ་སེ་རྭ་སྨད་དུ་སློབ་གཉེར་བྱས་པར་བཤད་པ་བདེན་པ་མིན་ཏེ།འདི་བ་སྤྱི་ལོ་༡༨༧༠ལོར་མདོ་སྨད་ཆས་པུ་གཤིས་གོང་ཆོའི་ཚོ་བར་འཁྲུངས།རྗེ་འཇམ་དབྱངས་རྒྱ་མཚོ་ཞེས་དགུང་ལོ་བརྒྱ་དང་བཅུ་དྲུག་ལྷག་བཞུགས་པའི་དམ་པ་དེའི་དྲུང་ནས་རབ་ཏུ་བྱུང་།བཀྲ་ཤིས་འཁྱིལ་དུ་དགེ་བཤེས་དགེ་འདུན་དཔལ་བཟང་།གཞུང་བ་མཐུ་སྟོབས་འོད་ཟེར།དམེ་ཤུལ་ཚུལ་ཁྲིམས་ཚང་སོགས་ལས་གཞུང་བཀའ་པོད་ལ་སྦྱངས་པ་དང་།རྗེ་ཤེས་རབ་རྒྱ་མཚོའི་ཞབས་ཟིན་ཙམ་དང་།གཞན་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོ།ཞང་སྟོན་བསྟན་པ་རྒྱ་མཚོ་སོགས་ལས་དབང་ལུང་མན་ངག་ཁྲིད་སོགས་མང་དུ་གསན།བྲག་དགོན་པའི་དྲུང་ཡིག་རྒྱལ་མཚན་བསྟན་པའི་དྲུང་ནས་དབྱངས་ཅན་དགྱེས་གླུ་སོགས་རིག་གནས་གསན་ཏེ།ལྷ་མོའི་ཚུལ་ཁྲིམས་སོགས་ལ་སྤེལ་བས་བསྟན་རྒྱུན་ལ་ཕན་ཐོགས་བྱུང་།སྙན་ངག་གི་རྩལ་ཤིན་ཏུ་ཆེ་བས།སྙན་ངག་ཀུན་གྱི་རྒྱལ་བོ་འཁྲི་ཤིང་གི།ཤིང་རྟའི་ཕང་ལོ་གཡོས་པའི་རྒྱུ་ལམ་དུ།།དེང་དུས་སྐྱེ་བོའི་རྒྱུ་འགྲུལ་ཟད་པ་ན།།གྲིབ་མ་གཉིས་པའི་གྲོགས་དང་འགྲོ་བ་སུ།།ཞེས་ཀྱང་གསུངས།སྡེ་བ་སྤྲུལ་སྐུའི་ཡོངས་འཛིན་གནང་།པཎ་ཆེན་དགུ་བ་ཆེན་པོའི་ཐུགས་བཞེད་བཞིན།ཀུན་མཁྱེན་བཞི་བ་མཆོག་གིས་རྗེ་འདི་ཉིད་དང་།དགེ་བཤེས་གྲོ་ཚང་ཡོན་ཏན།དམུ་དགེ་ཐུབ་བསྟན།སྨད་སོག་བཀྲ་ཤིས་རྡོ་རྗེ་སོགས་བཀྲ་ཤིས་ལྷུན་པོར་དགེ་རྒན་དུ་གཏོང་གནང་མཛད།དེར་མདོ་སྔགས་རིག་གནས་ཀྱི་ཆོས་འཁོར་བསྐོར་ཞིང་དུས་འཁོར་དབང་ཆེན་གཅིག་པུ་ཡང་ཐེངས་གསུམ་གནང་།སྤྱི་ལོ་༡༩༢༦ལོར་དབུས་ཕྱོགས་སུ་ཕེབས།སྐྱབས་རྗེ་ཕ་བོང་ཁ་བ་དང་ཡོངས་འཛིན་གླིང་ཚང་སོགས་ལ་ཆོས་འཁོར་མང་དུ་བསྐོར་ཞིང་།ཕ་བོང་ཁ་བའི་དྲུང་ནས་བདེ་མཆོག་ལུས་དཀྱིལ་གྱི་དབང་གསན་འདུག་གོ།འདི་དག་ཅུང་ཟད་གསལ་བར་མ་བཤད་ན་རྒྱུས་མེད་རྒྱུས་གཏམ་གྱི་རྗེས་སུ་འབྲང་མཁན་མང་བོས་ལོ་རྒྱུས་དངོས་མོག་མོག་པོར་བྱས་འདུག་པ་མ་བཟོད་ནས་བྲིས་པ་ཡིན།ཤོག་གྲངས་༡༡༤སུ།མཁས་དབང་ཚེ་ཏན་ཞབས་དྲུང་བའི་བསྟན་རྩིས་ཀུན་བཏུས་དང་སྙན་ངག་སྤྱི་དོན་གཉིས་ཀར་སློབ་དཔོན་དབྱུག་པ་ཅན་གྱི་ལོ་རྒྱུས་དགེ་ཆོས་ཀྱི་ངག་སྒྲོས་ལས་བཤུས་གསུང་འདུག་ཀྱང་།ང་ཚོས་ད་སྔ་དགེ་ཆོས་ཀྱི་གསུང་རྩོམ་ཁག་ཏུ་དབྱུག་པ་ཅན་གྱི་ལོ་རྒྱུས་དེ་འདྲ་རྩ་ནས་མ་མཐོང་སྟབས།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་ལ་བསྐུར་བའི་དཔེ་དེབ་བམ་ཤོག་དྲིལ་ཞིག་གཟིགས་པ་མིན་ནམ་སྙམ་ལ།ཁྱད་པར་མཁས་དབང་ཚེ་ཏན་ཞབས་དྲུང་བའི་རང་རྣམ་དུ།རྡོ་བྲག་མཁན་པོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཞུ་ཡིག་རྒྱས་པ་དང་།རྒྱ་གར་གྱི་མེ་ཏོག་དང་ལྗོན་པའི་ལོ་འདབ་སྐམ་པོ་སོགས་རིག་གནས་ལ་མཁོ་བའི་འདྲ་དཔེ་མང་དག་བསྐུར་བ་ལ་ཞིབ་བལྟས་བྱས།ཞེས་འབྱུང་བས་ཤིན་ཏུ་གསལ་བར་ར་འཕྲོད་ནུས་པ་ཡིན།ཞེས་པ་མི་བདེན་ཏེ།དབྱུག་པ་ཅན་གྱི་ལོ་རྒྱུས་དེ་འདྲ་རྩ་ནས་མ་མཐོང་ན།བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་ཐེངས་དང་བོར་བཏོན་པའི་དགེ་ཆོས་གསུང་རྩོམ་དེབ་གསུམ་པའི་ཤོག་གྲངས་༤༥༡སུ་གཟིགས་ན་དེར་ཡོད་ལ།སྤྱི་དོན་དུ་བཀོད་པའི་ངག་སྒྲོས་དེ་ཉིད་ཀྭ་རིང་རྟ་མགྲིན་སྤྲུལ་སྐུའི་དགེ་རྒན་བློ་བཟང་དགེ་འདུན་ལགས་སུ་དགེ་ཆོས་རང་གིས་བསྐུར་བར་སྙན་ངག་སྤྱི་དོན་ཁྲིད་སྐབས་ཚེ་ཏན་ཞབས་དྲུང་གིས་གསུང་བཞིན་པ་དེའོ།།འདིར་དགེ་ཆོས་བརྩམས་ཆོས་ཐོག་མ་གང་ཡིན་ལ་དཔྱད་སྐབས་དང་།དགེ་ ཆོས་ཀྱིས་དགེ་རྒན་སུ་བསྟེན་དཔྱད་སྐབས་ཟུར་ཙམ་ཡང་གླེང་མེད་པ་ནི།རྟེན་འབྲེལ་བསྟོད་པའི་ཚིག་ཊིཀ་དང་།དགེ་ཆོས་དགེ་རྒན་མཁས་དབང་གསུང་རབ་རྒྱ་མཚོ་བ་རེད།ཁྱུང་ཕྲུག་གི་བྱམས་བརྩེ་འོ་མའི་བསང་གཏོར་ལས།དྲན་དབང་དགེ་ཆོས་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་དགེ་རྒན་མཁས་དབང་ཨ་ཁུ་གསུང་རབ་རྒྱ་མཚོ་མཆོག་དང་།བླ་བྲང་དུ་བཞུགས་སྐབས་བཤེས་གཉེན་ཨ་ཁུ་ཚུལ་ཁྲིམས་ཚང་སོགས་བསྟེན་པར་ཚད་མར་གྱུར་བའི་མཁས་ཆེན་བདག་གི་དགེ་རྒན་བཀའ་དྲིན་ཁོང་ཚུལ་ཁྲིམས་རིན་པོ་ཆེའི་ཞལ་སྔ་ནས་གསུངས་པ་དངོས་སུ་ཐོས་པས་ཞེས་དང་།དེས་མི་ཚད་ཁོང་ཉིད་ལྡེ་ཚ་ནས་བླ་བྲང་དུ་ཐུགས་གཉེར་ལ་ཕེབས་སྐབས།དགེ་རྒན་གསུང་རབ་རྒྱ་མཚོར་གནང་ཞུས་ཀྱི་ཚུལ་དུ་སྙན་ངག་ཚིགས་བཅད་གཅིག་བྲིས་ཡོད་པ་ཁོ་བོའི་མཁན་པོ་རིན་པོ་ཆེ་མང་གའི་མཚན་ཅན་གྱིས་ལྗགས་རྩེར་བླངས་པ་དངོས་སུ་ཐོས་ཀྱང་།ཞེས་སོགས་ལྟར་རྒྱུས་ཡོད་ཀྱི་མི་རྣམས་ཞལ་མཐུན་པས།མཁས་དབང་གསུང་རབ་རྒྱ་མཚོ་དགེ་ཆོས་ཀྱི་དགེ་རྒན་ཡིན་མིན་ལ་དོགས་པ་མི་འདུག་ཅིང་།ཁྱད་པར་དུ།རོང་བོའི་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ་ལས།དགེ་བའི་བཤེས་གཉེན་གསུང་རབ་རྒྱ་མཚོ་སོགས་བླ་མར་བསྟེན་ནས་ཤེས་རབ་ཆེ་བའི་ཚད་དུ་བྱེད།དགུང་རེར་སྣ་རིང་ཤོག་བུ་བཅུ་རེ་བློར་ཟིན་ལ།དགུང་ལོ་བཅུ་དགུ་ཡས་མས་ཀྱི་སྟེང་རྟེན་འབྲེལ་བསྟོད་པའི་ཚིག་ཊིཀ་ཅིག་ལྗགས་རྩོམ་མཛད་ཡོད་པ་ཚིག་དོན་གཉིས་ཆར་ནས་ལེགས་པོ་ཞིག་བྱུང་ཞེས་མཁས་དབང་གསུང་རབ་རྒྱ་མཚོས་ཁོ་བོ་ལ་དངོས་སུ་གསུངས།ཞེས་མཁས་པ་འཇིགས་མེད་ཐེག་མཆོག་གིས་བཤད་པ་ཅི་བས་ཀྱང་རིན་ཐང་ཆེ་ཞིང་།ཁུངས་ལྡན་གྱི་ངག་རྒྱུན་འདི་དག་ཁོང་དང་མཉམ་དུ་མ་གཤེགས་པར་ཕྱི་རབས་ཀྱི་བཙས་སུ་བཞག་པ་བཀའ་དྲིན་རང་ཆེ་བ་ཡིན་པས་ཁོང་རྗེས་སུ་དྲན་འོས་སོ།།མཁས་དབང་གསུང་རབ་རྒྱ་མཚོ་བ་སྤྱི་ལོ་༡༨༩༨༼༡༩༩༠ལོའི་ཟླ་ཟེར་དེབ་བཞི་བར་གསལ༽ལོར་འཁྲུངས་ནས་༼ལ་ལས་༡༨༩༦ལོར་འཁྲུངས་ཞེས་བྲིས་འདུག་པས་དཔྱད༽སྤྱི་ལོ་༡༩༨༢ལོར་སྐུ་གཤེགས་པ་ཡིན་ཞིང་།དགེ་ཆོས་དང་ཁོང་གཉིས་ཀྱི་བར་ན་ལོ་ལྔ་མ་གཏོགས་མེད་པས་ཀྱང་དོགས་མི་དགོས་ཏེ།དགེ་དགེ་ཕྲུག་ནི་ཡོན་ཏན་ཆེ་ཆུང་གཙོ་བ་ལས་ལོ་ཆེ་ཆུང་མི་གཙོ་ཞིང་།དཔེར་ན།ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་།ཁྲི་ཆེན་དགེ་འདུན་ཕུན་ཚོགས་གཉིས་བླ་སློབ་ཐུན་མོང་མ་ཡིན་པ་ཡིན་ཀྱང་དགུང་མཉམ་ཡིན་པ་དང་།རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ནི།གུང་ཐང་བསྟན་པའི་སྒྲོན་མེའི་གསུང་གི་བདག་རྐྱེན་ལས་མཁས་པར་གྱུར་བ་ཡིན་ཀྱང་རྣམ་གཉིས་དགུང་མཉམ་ཡིན་པ་བཞིན་ནོ།།ཡང་།ཤོག་གྲངས་༡༡༩སུ།ཁོང་གིས་རིགས་པའི་འཕྲུལ་རླབས་ཀྱིས་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་མིན་པར་ཆ་བཅས་ཡིན་པར་སྒྲུབ་པ་དང་།ཞེས་པ་ནས།དེར་ཡོད་དགེ་བཤེས་ཕལ་ཆེར་ཧང་སང་སྟེ།ཞེས་པའང་གྲུབ་མཐའི་ཁྱད་པར་ཕྱེད་ན་ཧང་སང་དོན་ཅི་ཡང་མེད་དེ།འདི་རྣམ་འགྲེལ་གྱི་ཚོགས་གླེང་ཡིན་པས་སེམས་ཙམ་ལྟར་བྱེད་དགོས་ཤིང་།དེའི་ལུགས་ལ་ཕྲ་རྡུལ་ཕྱོགས་ཀྱི་ཆ་བཅས་ཡིན་པའི་ཕྱིར།ཉན་ཐོས་སྡེ་གཉིས་ཀྱིས་དེ་ཕྱོགས་ཀྱི་ཆ་མེད་ཡིན་པར་ཁས་བླངས་པར།འདི་བས།འོ་ན།ཕྱོགས་བཞི་དང་སྟེང་འོག་གི་རྡུལ་གཉིས་དང་དྲུག་གོ་ས་གཅིག་ཏུ་ཡོད་དགོས་ལ།དེ་ལྟར་ན།དེ་ཅི་ཙམ་བསགས་ཀྱང་ཇེ་ཆེར་འགྲོ་མི་སྲིད་པར་ཐལ་བས་བཀག་པའི་ཕྱིར་རོ།།དེང་སང་ཁ་ཅིག་གིས་གྲུབ་མཐའ་གོང་མའི་ལུགས་ལའང་ཕྲ་རྡུལ་ཆ་མེད་ཡིན་པར་བཤད་འདུག་ཀྱང་།རྡོ་གྲུབ་ཆེན་གྱི་བདེན་གཉིས་དོན་བཟང་རྒྱས་པའི་མེ་ཏོག་ཏུ།གསུམ་པ་འདོད་ན།ཆ་བཅས་མ་ཡིན་པའི་གཞི་གྲུབ་ཅིག་ཁས་ལེན་དགོས་པས་དམ་བཅའ་ཐབས་སྡུག་ཡིན་ནོ།།ཞེས་གསུངས་སོ།།ཡང་།ཤོག་གྲངས༡༣༡སུ།སངས་རྒྱས་མི་བསླུ་བར་ཐག་བཅད་༼གཅོད༽མཁན་སུ་ཡིན་ཞེས་སོགས་ཀྱི་དོགས་པ་འདི།ནང་བ་སྤྱིའི་མགོ་བོ་འཇོམས་བྱེད་ཀྱི་ཐོ་བ་དེ་རྗེ་ཙོང་ཁ་བ་ཁོ་ནར་འཕྱར་བ་ཞིག་ཏུ་མཐོང་བ་ཡིན་ན་ཅུང་ཡ་མཚན་སྐྱེ་དགོས་པ་ཞིག་ཏུ་སྣང་།ཞེས་པའང་མི་བདེན་ཏེ།བསླུ་མི་བསླུ་ལ་འཇོག་ཚུལ་སྣ་ཚོགས་ཡོད་དེ།ཡུལ་མི་བསླུ་བ།ཡུལ་ཅན་མི་བསླུ་བ།སྣང་ཚུལ་དང་གནས་ཚུལ་གྱིས་བཞག་པ་སོགས་མང་དུ་ཡོད་པས།ཕྱི་མའི་དབང་དུ་བྱས་ན།བཅོམ་ལྡན་འདས་མི་བསླུ་བའི་སྐྱབས་ཡིན་ཀྱང་བསླུ་བའི་ཆོས་ཡིན་པར་ཁས་ལེན་དགོས་ཏེ།འདུས་བྱས་ཐམས་ཅད་བསླུ་བའི་ཆོས།།དེས་ན་དེ་དག་རྫུན་པ་ཡིན།།ཞེས་པས་སོ།།༼བོད་ན་རྣམ་མཁྱེན་འདུས་བྱས་མ་ཡིན་ཀྱང་རྟག་དངོས་སུ་བཞེད་མཁན་གྱི་གྲུབ་མཐའ་མང་དུ་ཡོད་ཀྱང་རེ་ཞིག་བཞག༽ཀླུ་དགོངས་ཀྱིས་དེ་ཙམ་སྒྲུབ་འདོད་པ་མ་ཡིན་པར་ཐ་སྙད་ཚད་གྲུབ་དགག་འདོད་པ་ཡིན་མོད།ཁོང་ཅག་གིས་ཐ་སྙད་ཚད་མས་གྲུབ་ན་ཚུགས་ཐུབ་དང་བསླུ་མེད་ཡིན་དགོས་པར་བཞེད་འདུག་སྟེ།སྟག་ལོའི་གྲུབ་མཐའ་ལས།རང་ཚུགས་མི་ཐུབ་ན་ཚད་མས་གྲུབ་པ་འགལ་ཏེ།ཚད་གྲུབ་ཀྱི་དོན་ནི་བསླུ་མེད་དང་བསླུ་མེད་ཀྱི་དོན་ནི་ཚུགས་ཐུབ་ལས་མ་འདས་པའི་ཕྱིར་རོ།།ཞེས་བཤད་ཅིང་།ཚུགས་ཐུབ་ལ་ཚད་གྲུབ་ཏུ་བཏགས་པའི་ཐ་སྙད་ཚད་གྲུབ་ནི་རྗེ་ཙོང་ཁ་བ་རྗེས་འབྲང་དང་བཅས་པས་ཀྱང་ཞལ་གྱིས་བཞེས་མི་འདུག་པས་བོད་སྔ་ཕྱིའི་ཡོད་མེད་རྩོད་སའི་ཐ་སྙད་ཚད་གྲུབ་ནི་དོན་ལ་རྩོད་པ་ཞིག་ནི་ཡིན་མི་འདུག་གོ།།ཡོད་མིན་མེད་མིན་ཞེས་པ་དེ་ཡང་ཅུང་ཟད་བརྡ་མ་ཆགས་པ་མ་གཏོགས།འཕགས་པའི་མཉམ་བཞག་གི་གཟིགས་ངོར་དེ་འདྲའི་སྤྲོས་པ་མེད་པ་ལ་བྱེད་འདོད་འདུག་པས།ལྟ་མགུར་ལས།འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས།།ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།ཞེས་པ་ལྟར་ལས།དོན་ནི་ཁོང་ཅག་གིས་ཀྱང་དགོངས་ཡོད་པར་སྨོན་ནོ།།དེ་ཡང་ཡིན་ཏེ།དབུ་མ་རང་ལུགས་ལ་ཁས་ལེན་མེད་ཅེས་པ་དང་།དབུ་མ་རང་ལུགས་ལ་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་མེད་པ་གཉིས་དང་།གཞན་ངོར་ཁས་ལེན་ཡོད་པ་དང་།འཇིག་རྟེན་ཤེས་ངོར་ཡང་ལོག་གི་དབྱེ་བ་ཡོད་པ་གཉིས་ཀྱང་ཚིག་གི་བརྗོད་ཚུལ་ཙམ་ལས་དགོངས་པ་གཏན་ནས་མི་གཅིག་ཅེས་སྨྲ་བ་དཀའ་ཞིང་།འོན་ཀྱང་ཁ་ཅིག་རྒྱུ་འབྲས་སོགས་ཀྱང་རང་ལུགས་སུ་མི་རུང་ཞེས་པའི་སྒྲ་ཙམ་ལ་འཆེལ་ཏེ།གནས་སྐབས་དགོས་པའི་དལ་འབྱོར་གྱི་ཨང་ག་འཁྲུག་ཅིང་།ཐར་བའི་ཐེམ་སྐས་སུ་གྱུར་བའི་རྒྱུ་འབྲས་དག་ལ་རྩིས་པོ་ཆེར་མ་བྱས་པས།འཇམ་མགོན་བླ་མས་དེ་དག་ལ་ངེས་ལེགས་ཕར་ཟད།འཁོར་བའི་མངོན་མཐོ་ཙམ་ཡང་འཐོབ་དཀའ་བ་ལ་དགོངས་ནས།ལས་འབྲས་སོགས་གཞན་ངོ་ཙམ་དུ་ཡོད་ཟེར་མཁན་གྱི་སྣང་བ་གཙིགས་སུ་མི་བྱེད་པ་དག་ལ་ལུང་རིགས་ཀྱི་རྐྱ་བར་ནས་དྲངས་ཏེ་དགག་པ་ཡང་དང་ཡང་དུ་གནང་བ་ཡིན་ནོ།།ཡང་།ཤོག་གྲངས༡༣༦སུ།དགག་ལན་མི་འཇིགས་སེང་གེ་ང་རོ་རྩོམ་སྐུལ་ཞུ་བ་བོ་ཡོངས་འཛིན་ཁྲི་བྱང་ཚང་གཅིག་པུའི་དབུར་བཞག་པ་ནི།ཅུང་ཟད་གཟུ་བོར་མི་གནས་པའི་གཏམ་སྟེ།ཡོངས་འཛིན་གླིང་ཚང་ཡང་དེ་སྐུལ་བ་བོ་ཡིན་པའི་ཕྱིར་ཏེ།དགེ་བཤེས་ཤེར་རྒྱམ་གྱི་གསུང་རྩོམ་པོད་གསུམ་པའི་ཤོག་གྲངས༥༧༨སུ།རྒྱལ་བའི་ཡོངས་འཛིན་རྣམ་གཉིས་སོགས་མདོ་དབུས་ཁམས་གསུམ་གྱི་དམ་པ་མི་ཉུང་བས་ནན་སྐུལ་ངོར་ཞེས་དང་།ཤོག་གྲངས༥༥༢སུ།ཡོངས་འཛིན་གླིང་ཚང་ལ་གནང་བ་ལས།གསུང་སྐུལ་པད་མའི་མེ་ཏོག་འཛུམ་པ་ལྟར་དགག་པ་དེ་ངེས་པར་རྩོམ།ཐུགས་ཡ་ང་མ་དགོས།ཞེས་དང་།སློང་མོ་བའི་ཤོག་གྲངས༡༣༧སུ།སྦེད་མིན་ཁྲོམ་བསྒྲགས་ཀྱི་ཐུགས་དོགས་རྨི་ལམ་དུ་ཡང་མཛད་མ་དགོས།ཞེས་དྲངས་པ་ཡང་ཁ་བྱང་སྦས་པ་མ་གཏོགས་ཡོངས་འཛིན་རྣམ་གཉིས་ལ་ཐུན་མོང་དུ་གནང་བ་ཡིན་པ་དགེ་བཤེས་ཚང་གི་གསུང་རྩོམ་དེབ་གསུམ་པའི་ཤོག་གྲངས༥༧༣སུ་གསལ་བའི་ཕྱིར།དགག་པ་དེར་གངས་ཅན་ལྷ་གཅིག་ཕྱག་ན་པད་མོས་ཀྱང་མཐུན་འགྱུར་གནང་འདུག་སྟེ།དགེ་བཤེས་རིན་པོ་ཆེའི་གསུང་རྩོམ་དེབ་གསུམ་པའི་ཤོག་གྲངས༥༩༦སུ།དགེ་འདུན་ཆོས་འཕེལ་གྱི་དགག་ལན་ལྷ་སར་ཤིང་དཔར་འགྲན་མེད་རྐོ་བཞིན་ཡོད།རྒྱལ་བ་ཡང་ཐུགས་དགྱེས་པའི་བཀའ་ཡིག་ཇོ་བོ་རྗེའི་ན་བཟའ་བཅས་ཕེབས་སོང་།ཞེས་གསུངས་པའི་ཕྱིར།ཡང་།སློང་མོ་བའི་ཤོག་གྲངས༡༤༡སུ།དེའི་ནང་ལ་སྲིད་དོན་རྒྱལ་རབས་ཡོངས་རྫོགས་ཡོད་པ་འདྲ།ཞེས་བཤད་འདུག་པ་འདི་དག་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ།ཞེས་པ་ཡང་དྲང་བོའི་གཏམ་དུ་མི་སྣང་སྟེ།དགེ་སློང་རིག་འཛིན་དབང་བོས།སྲིད་དོན་དང་རྒྱལ་རབས་ཞེས་སྤྱིར་བཏང་ཙམ་ལས་བཤད་མེད་ཀྱང་།འདིར་ལུང་དེ་འདྲེན་སྐབས་སྲིད་དོན་རྒྱལ་རབས་ཞེས་བཅོས་ཏེ།ཞ་སྒབ་པའི་དེར་ཟེར་གིན་ཡོད་པའི་བཟོ་འདྲ་བོ་ཞིག་བྱས་པ་ནི།ལོ་རྒྱུས་ལ་ཕབ་པའི་ནག་ཐིག་མི་ཆུང་བ་ཞིག་སྟེ།འདི་དག་ཀློག་མཁན་རྣམས་ཀྱིས་དཔྱད་གཞི་མང་བོ་བསྡུར་ཏེ་སྒྲིམ་དགོས་པ་ཡིན་གྱི།གཞན་དུ་ན་གཡོ་འོག་ཏུ་ཚུད་སླ་བས་སོ།།རྒྱལ་རབས་དེ་ཞ་སྒབ་པའི་མིན་པའི་རྒྱུ་མཚན་དྲུག་བཀོད་པ་གནད་ཆེ་བར་མ་མཐོང་སྟེ།དེབ་དཀར་གྱི་རྩོམ་གཤིས་དང་འདྲ་བས་བསྒྲུབས་པ་ནི།མཐུན་ཕྱོགས་ལ་མཐོང་ཙམ་གྱི་མ་ངེས་པའི་གཏན་ཚིགས་ཏེ།དེས་རྒྱལ་རབས་རྩོམ་སྐབས་ཟུར་ལྟའི་ཡིག་ཆ་དེབ་དཀར་ལྟ་བུར་འདྲིས་ཏེ།དེའི་ཤན་ཞུགས་པ་ནི་འོས་ཤིང་འཚམ་པ་ཞིག་རེད།ཤོག་གྲངས༡༥༠སུ།བརྡ་དག་མིང་ཚིག་གསལ་བ་དགེ་ཆོས་ཀྱི་ཡིན་པའི་རྒྱུ་མཚན་བཀོད་པ་རྣམས་བསམ་པར་བྱ་སྟེ།དེའི་མགོ་མཇུག་གི་ཚིགས་བཅད་དག་ལ་དགེ་ཆོས་ཀྱི་རྩོམ་གཤིས་གསལ་བ་དང་།དགེ་ཆོས་ཀྱི་ཚིག་མཛོད་གཞན་དུ་མེད་པ་དང་།པ་ཎི།ཆུ་ཡི་མིང་རྒྱ་གར་སྐད་ཡིན།ཞེས་ཚིག་མཛོད་དེར་ཡོད་པ་དང་།རྒྱ་ཤུག་ཆི་བ་ག་ཞེས་པའི་ཤིང་ཏོག་ཏུ་འདོད་པ་སོགས་ཀྱིས་བསྒྲུབས་པ་ནི།ཞེ་འདོད་འགྲུབ་ཤིན་ཏུ་དཀའ་སྟེ།དགེ་ཆོས་དང་དགེ་བཤེས་ཆོས་གྲགས་གཉིས་གྲོགས་པོ་ཡིན་པས།མགོ་མཇུག་གི་ཚིགས་བཅད་ཆེད་དུ་དགེ་ཆོས་ལ་འབྲི་རུ་མ་བཅུག་པའི་ངེས་པ་མེད་ལ།ལར་དགེ་བཤེས་ཆོས་གྲགས་ཀྱི་ངག་ནས་དེ་ལྟ་བུ་ཞིག་ཐོན་མི་སྲིད་པ་སུས་སྨྲ་སྤོབས།རྒྱུ་མཚན་གཉིས་པ་མ་ངེས་ཏེ།པ་ཎི་ཆུའི་མིང་ཡིན་པ་ཤེས་པ་ལ་རྒྱ་གར་སྐད་ལ་ཐོགས་པ་མེད་པ་ཞིག་མི་དགོས་ཏེ།པ་བཏུང་བ་ལའོ་ཞེས་པའི་བྱིངས་སོགས་ལ་མཐོང་ཐོས་ཡོད་མཁན་སུས་ཀྱང་ཤེས་པའི་ཕྱིར་དང་།གསོ་རིག་པའི་ཡང་རྒྱུན་ཤེས་ཞིག་སྟེ།དེའུ་དམར་དགེ་བཤེས་ཀྱིས།པ་ཎི་ཞེས་པ་ལེགས་སྦྱར་སྐད།།བོད་དུ་ཆུ་ཡི་སྐད་དོད་ཡིན།།ཞེས་གསུངས་པ་ལྟར་རོ།།རྒྱ་ཤུག་ཆི་བ་གའམ་ཙོ་རི་ལ་ངོས་བཟུང་བས་ཀྱང་དགེ་ཆོས་ཀྱི་ཡིན་པར་མི་འགྲུབ་སྟེ།སི་ཏུའི་དབོན་པོ་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་ཀྱང་།རྒྱ་ཤུག་འབྲས་བུ་ནི་མཆོག་མ་ནུ་རྟ་སྐམ་དང་ཆི་བི་ཁ་ཡང་ཟེར་བ་དེ་དང་ཞེས་དང་།དགེ་ཆོས་དང་དུས་མཉམ་པའི་མདོ་སྨད་རྔ་ཡུལ་གྱི་མཁས་དབང་སྒང་བ་རྒྱ་ནག་མཁན་པོ་༼༡༨༩༦/༡༩༥༩༽མཆོག་གིས་༡༩༡༨ཡར་སྔོན་དུ་བཀྲ་ཤིས་འཁྱིལ་དུ་བཀའ་ཆོས་གསན་སྐབས་ཀྱི་ཟིན་བྲིས་ལས།རྒྱ་ཤུག་ཚིག་གུ་ཙམ་ཞེས་པའི་ཚིག་གུ་ནི་སིལ་ཏོག་ཙོ་རིས་ཀྱི་ནང་སྙིང་ཡིན་ཞེས་དང་།རབ་བྱུང་བཅུ་བཞི་བའི་ནང་བྱོན་པའི་སྐུ་འབུམ་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བློའི་གསུང་དུའང་རྒྱ་ཤུག་ཆི་བ་ག་ལ་ངོས་བཟུང་ཡོད་པའི་ཕྱིར་དང་།ཡིད་མི་ཆེས་ན་དེ་དག་གི་གསུང་དུ་གཟིགས་ཤིགཚིག་མཛོད་འདི་སྤྱི་ལོ་༡༩༤༦ལོར་བརྩམས་གྲུབ་སྟེ།ཤིང་དཔར་དུ་བརྐོ་མགོ་བརྩམས།སྤྱི་ལོ་༡༩༤༩ལོར་དཔར་ཡོངས་སུ་གྲུབ་པ་ཡིན་པ་དེར་གསལ་བས།དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མའི་ཤོག་གྲངས་༢༨༦སུ།དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་དེ་ཡང་དགེ་འདུན་ཆོས་འཕེལ་ལགས་དགོངས་པ་རྫོགས་པའི་རྗེས་ནས་མ་གཏོགས་དཔར་བསྐྲུན་བྱས་མེད་ཚོད་རེད།ཅེས་པ་འདི་ཡང་མི་བདེན་ནོ།།འོན་ཀྱང་ཚིག་མཛོད་དེར་བྱམས་སྙིང་རྗེ་གཉིས་ལ་གོ་དོན་གཅིག་ལས་མེད་པ་ནི་ཡིག་སྐྱོན་ཡིན་ནམ།རྩོམ་པ་བོ་དགེ་ཆོས་དང་དགེ་བཤེས་སུ་ཡིན་ཀྱང་ནང་དོན་རིག་པའི་མཁས་དབང་ཡིན་པས་དེ་འདྲ་ལ་འཁྲུལ་མི་འོས་སོ།།ཡང་།སློང་མོ་བའི་ཤོག་གྲངས༡༥༡སུ།དགེ་བཤེས་ཆོས་གྲགས་ཀྱིས་འབྲས་སྤུངས་ནས་རྙེད་པའི་བློ་སྐྱེད་ཅིག་མ་ཡིན་པ་གསལ་བར་རྟོགས་ནུས་པ་ཡིན།ཞེས་དགེ་བཤེས་ཆོས་གྲགས་ཀྱི་གྲྭ་ས་འབྲས་སྤུངས་ཡིན་ཤག་བྱས་པ་ཐོག་ཏུ་མ་ཁེལ་ཏེ།དགེ་བཤེས་ཀྱི་དངོས་སློབ་ཧོར་ཁང་བས་སྤྱི་ལོ་༡༩༥༣ལོར་བྲིས་པའི་དགེ་བཤེས་ཀྱི་རྣམ་ཐར་མདོར་བསྡུས་སུ།ཁོང་དགུང་ལོ་བཅོ་བརྒྱད་སྐབས་བོད་དུ་དམ་པའི་ཆོས་ཐོས་བསམ་མཛད་པར་ཕེབས་ཏེ་གདན་ས་སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ།གཞུང་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་ནས།ཞེས་པས་ཤེས་སོ།།དགེ་བཤེས་འདིས་གསང་སྔགས་སངས་རྒྱས་ཀྱི་གསུང་དུ་མི་འདོད་པར།མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་ག་བའི་ཤོག་གྲངས༥༡༡སུ་གསལ་ལོ།།ལར་དགེ་བཤེས་ཆོས་གྲགས་འབྲས་སྤུངས་ཀྱི་ཡིན་མིན་དང་།ཅོ་ནེ་རིན་པོ་ཆེ་བློ་བཟང་རྒྱ་མཚོ་བ་སེར་སྨད་གྲྭ་ཚང་གི་ཡིན་མིན་གལ་འགང་ཆེ་མིན་ཅི་ལྟར་ཡང་།རྒྱུས་མེད་ཀྱི་མཁས་པས་རྒྱུས་གཏམ་བྱས་པ་འདི་ཐོས་ཙམ་ཉིད་ནས།རྒྱུས་ཡོད་ཀྱི་སྦྱིན་བདག་དང་གྲྭ་སའི་རྡོབ་རྡོབ་ཚུན་ཆད་བཞད་གད་དིར་དིར་དུ་འགྲོ་བར་ཐེ་ཚོམ་མེད་དོ།།ཤོག་གྲངས༡༥༣སུ།བོད་མི་རྣམས་རྒྱལ་ཁབ་གཞན་དང་འབྲེལ་འདྲིས་ཉུང་ཕྱིར་གཞན་གྱི་ལེགས་ཆ་ལེན་མ་ཐུབ་ཅིང་།རང་གི་ཀླད་པ་ཡང་མ་བཀོལ།འབད་མེད་རྩོལ་བྲལ་གྱིས་མ་བྱུང་བར་ལུས་ཡོད་སྟབས།གློ་བུར་དགེ་བཤེས་ཆོས་གྲགས་ལ་བག་ཆགས་སད་པ་དེ་ཅུང་མི་འོས་པ་ཞིག་དང་།ཞེས་པ་འདི་ཡང་ཚིག་མཛོད་རྩོམ་མཁན་དགེ་བཤེས་ཆོས་གྲགས་ཡིན་པའི་རྒྱུ་མཚན་དུ་སོང་ཡོད་དེ།སོག་པོ་ཞིག་ཕྱི་རྒྱལ་ནས་བོད་དུ་སླེབས་དུས་བོད་མི་རྣམས་དེ་ལྟར་གྱུར་ཡོད་སྟབས།གློ་བུར་དེ་ལྟ་བུ་ཞིག་རྩོམ་པའི་བག་ཆགས་སད་པ་ཤིན་ཏུ་འོས་ཏེ།སྤྱི་ལོ་༡༩༥༣ལོར་བྲིས་པའི་དགེ་བཤེས་ཆོས་གྲགས་ཀྱི་རྣམ་ཐར་ལས།དེ་སྔོན་རིང་མོ་ཞིག་ནས་བོད་རིགས་སྤྱི་ལ་སྨན་པའི་སླད་དུ་དག་ཡིག་འདི་འདྲ་ཞིག་རྩོམ་དགོས་ཐུགས་ལ་ཡང་ཡང་དགོངས་ཏེ་མགོ་བརྩམས་ཐེངས་མང་བོ་མཛད་ཀྱང་།མཐུན་རྐྱེན་གྱིས་དབུལ་བ་དང་།གདན་སར་སློབ་གཉེར་མཛད་སྐབས་ཁེལ་ཏེ་ཁོམ་པ་ནམ་ཡང་མ་བྱུང་བར་འཕྲོ་ཅན་དུ་ལུས།དེ་ནས་ལོ་བཅུ་བདུན་ཙམ་གྱི་སྔོན་༼༡༩༣༧༽དུ་ཕྲན་༼ཧོར་ཁང་བ༽དང་མཇལ་ནས་ཕྱག་དང་མཐུན་རྐྱེན་གྱི་སྦྱོར་བ་ཁ་ཞེ་གཉིས་མེད་ཀྱིས་གསོལ་བ་ནན་ཆེར་བཏབ་པར་བརྟེན།སྤྱི་ལོ་༡༩༤༦ལོར་ལེགས་པར་གྲུབ་སྟེ་ཤིང་དཔར་དུ་བསྐྲུན་ནས་ཞེས་དགེ་བཤེས་ཆོས་གྲགས་དང་དགེ་ཆོས་གཉིས་ཀའི་དངོས་སློབ་ཧོར་ཁང་བས་བཤད་ཡོད་པ་ཅི་བས་ཀྱང་རིན་ཐང་ཆེ་ཞིང་།ཚིག་མཛོད་གྲུབ་ནས་དཔར་དུ་གསར་དུ་བརྐོ་དུས་དགེ་ཆོས་བཙོན་དུའང་ཚུད་མེད་པ་དང་།དཔར་ཡོངས་སུ་གྲུབ་དུས་ཀྱང་དགེ་ཆོས་ད་དུང་འཚོ་བཞུགས་ཀྱི་སྐབས་ཡིན་པ་ཤེས་པར་གྱིས་ཤིགཤོག་གྲངས༡༧༥སུ།ལར་ཧོར་ཁང་གིས་དགེ་ཆོས་འདི་བ་མོ་ཙེ་ཏུང་གིས་བོད་ལ་དབང་བསྒྱུར་བྱེད་པར་རེ་སྒུག་བྱས་པ་རེད་ཟེར་བ་དེ་བསྟོད་མ་ཤེས་པར་བསྟོད་པ་ཞིག་ཀྱང་མིན་ནམ་སྙམ་མོ།།ཞེས་དང་།ཤོག་གྲངས༡༢༠སུ།རིག་པ་རྣོ་བས་ཀུན་མཁྱེན་ཡིག་ཆ་ཁས་མ་བླངས་ཟེར་བ་ཡང་བསྟོད་མ་ཤེས་པས་བསྟོད་པ་ཞིག་མིན་ནམ་སྙམ་ཞེས་སོགས་ལ་བརྟགས་ན།རྩོམ་པ་བོ་འདིས་བྱུང་བ་དངོས་ཀྱི་ནང་ནས་གདམ་གསེས་བྱས་ཏེ་ཁོས་གླེང་འདོད་པ་རྐྱང་གླེང་གིན་ཡོད་པ་གསལ་བར་གོ་ནུས་ཤིང་།མཇུག་ཏུ།དགེ་ཆོས་ཀྱི་ལེའུ་སྐྱུར་མོ་ཞེས་པའི་ནང་དུའང་ཤ་ཚ་དྲགས་ཏེ་འཁང་ར་ཁ་ཤས་བྱས་པ་ལས།དགེ་ཆོས་ཀྱི་སྐྱོན་ཡོན་ཁ་ཤས་ཤིག་མཆིལ་མ་དང་མཉམ་དུ་ཕྱིར་མིད་ཀྱིན་ཡོད་པ་ཕྱོགས་ཡོངས་ནས་བལྟས་ན་གསལ་བར་ལྷང་ལ་བུད་ཡོད་དོ།།དགེ་ཆོས་ཀྱིས་ཀུན་མཁྱེན་ཡིག་ཆ་བཀག་པ་ཡིན་མིན་སྒེའུ་སྟེང་བློ་བཟང་གིས་སྤྱི་ལོ་༡༩༣༡ལོར་དངུལ་རྭའི་སྲེ་བོར་སྤྲིངས་པ་མི་འཇིགས་སེང་གེ་ཁྲོས་པའི་ང་རོར་གསལ་བར་འདུག་པས་དེ་ལ་གཟིགས་པར་ཞུ།དེ་ལ་སོགས་པ་འདི་དག་གིས་རྩོམ་འདིའི་ཞན་ཆའི་ཕྱོགས་ལ་མཛུབ་མོ་རི་སྟོན་ཙམ་བྱས་པ་སྟེ།འདི་དག་གིས་རྩོམ་ཧྲིལ་བོའི་བརྒྱ་ཆ་སུམ་ཅུ་ཆག་ཡོད་པའི་དབང་དུ་བཏང་ན་ཡང་།དཔྱད་རྩོམ་ལེགས་པ་ཞིག་ལ་དགོས་ངེས་ཀྱི་བརྒྱ་ཆ་ལྡན་འདུག་པས།རྩོམ་པ་བོའི་མཁས་པའི་རིན་ཐང་གཅོག་མི་རུང་ངོ་ཞེས་གསལ་འདེབས་ཞུས་པའོ།། ༎༢༠༡༡/༡༡/༢༤

དགེ་ཆོས་དྲྭ་བ་ལས། ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་བཏུས།

རྗེ་བཙུན་མི་ལ་རས་པ།

རྗེ་བཙུན་གྲུབ་ཐོབ་ཀྱི་རྒྱལ་པོ་མི་ལ་རས་པའི་རྣམ་ཐར་ནི། དེའང་སྐུ་འཁྲུངས་པའི་ཡུལ་ནི་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩའི་ཀོ་རོན་བྱ་བར་རིགས་ཁྱུང་པོ། ཡབ་མི་ལ་ཤེས་རབ་རྒྱལ་དང་ཡུམ་མྱང་བཟའ་དཀར་ལེགས་གཉིས་ཀྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་ཡ་མཚན་གྱི་ལྟས་བཅས་སྐུ་བལྟམས། དེ་ནས་ལོ་གསུམ་ནས་སྲིང་མོ་པེ་ཏ་མགོན་སྐྱིད་བྱ་བ་སྐྱེས། རྗེ་བཙུན་ལ་མཚན་ཐོས་པ་དགའ་གསོལ།

ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས།

དེ་ཡང་གངས་ལྗོང་སྨྲ་བའི་དབང་ཕྱུག་ཞེས་མཚན་གྱིས་རྣམ་པར་བརྗིད་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནི། བོད་མདོ་ཁམས་ཏྲེ་ཧོར་ཡུལ་བྲག་འགོ་རྫོང་གི་ཆར་གཏོགས་དགོན་འབྲི་མ་ཞེས་པའི་འབྲོག་ཁུལ་དུ།

ཆོས་རྗེ་ཡིད་འཇིགས་མེད་ཕུན་ཚོགས་འབྱུང་གནས།

ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས།

སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཞེས་གྲགས་པའི་དམ་པའི་སྐྱེས་མཆོག་གང་ཉིད་ཀྱི་སྤྲུལ་གཞི་ནི།

རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་གི་རྣམ་ཐར།

༄༅།། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ(༡༣༥༨ )ལོར་མདོ་སྨད་ཀྱི་སའི་ཆར་ཤར་ཙོང་ཁའི་ཡུལ(དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡིན་འདུག)དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་།